སྔོན་གླེང་།

lobsang_sangay
༄༅། །འཛམ་གླིང་ཁྱོན་ལ་མི་གྲངས་ས་ཡ་མང་པོར། བོད་ཅེས་པའི་ཐ་སྙད་ཐོས་སྐབས་རང་བཞིན་གྱིས་ཁོང་ཚོའི་ཡིད་ལ་དགའ་ཉམས་ལྡན་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞིན་རས་དང་། གངས་རིས་བསྐོར་བའི་ཡུལ་ལྗོངས། འཛུམ་མདངས་ཀྱིས་ཁེངས་པའི་འབྲོག་པ་དང་། དམ་ཆོས་དབྱངས་སུ་ལེན་བཞིན་པའི་དགེ་འདུན་པ་སོགས་ཀྱི་གཟུགས་བརྙན་ལྷམ་མེར་འཆར་གྱི་ཡོད། འོན་ཀྱང་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ནི་དེ་ལས་ལྡོག་སྟེ་ཆེས་ཡིད་སྐྱོའི་གནས་སུ་གྱར་ཡོད། རྒྱ་ནག་གིས་མི་ལོ་ ༥༠ རིང་བོད་ལ་བཙན་བཟུང་བྱས་འབྲས་སུ་བོད་མི་གྲངས་ལས་འདས་པའི་ཚེ་སྲོག་ཤོར་བ་མ་ཟད། བོད་ཀྱི་ཐུན་མིན་རིག་གཞུང་རྩ་མེད་འགྲོ་རྒྱུའི་ཉེན་ཁ་འཕྲད་བཞིན་ཡོད། རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༣༠ རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་བྱས་ཡོད། དེང་སྐབས་རྒྱ་ནག་ཕྱོགས་ཡོངས་ནས་སྟོབས་ཤུགས་ཧ་ཅང་དར་ཞིང་ཡོད་པའི་སྐབས་འདིར་ང་ཚོས་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་བྱེད་དགོས་ཀྱང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷན་གྲོས་མོལ་དང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ལམ་ནས་བོད་དོན་ཞི་འགྲིག་ཡོང་ཐབས་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་དགོངས་བཞེས་མཛད་པའི་དབུ་མའི་ལམ་གྱི་ལངས་ཕྱོགས་དེར་བོད་མི་མང་ཆེ་བས་ཚད་མཐོའི་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་གཞི་ལ་བཞག་སྟེ་དུས་རྟག་ཏུ་འཚེ་མེད་ཞི་བདེ་གོང་འཕེལ་གཏོང་ཐབས་མཛད་མཁན་གྱི་དབུ་ཁྲིད་གཅིག་ཡིན་པ་རླུང་ལྟར་གྲགས་བཞིན་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་བཞེངས་ཕྱོགས་འདི་ནི་དེང་སྐབས་འཛམ་གླིང་ནང་དཀའ་རྙོག་ཇི་འདྲ་ཞིག་འཕྲད་ཀྱང་ལངས་ཕྱོགས་གཞན་ཞིག་བཟུང་སྟེ་དཀའ་རྙོག་དེ་དག་འཚེ་བ་མེད་པ་དང་། གྲོས་མོལ། ཕན་ཚུན་བསམ་ཤེས་ཀྱི་གཉིས་ཕན་ལྡན་པའི་ཐབས་ལམ་ཞིག་འཚོལ་དགོས་པའི་ལྟ་ཚུལ་ཞིག་ཆགས་ཡོད་པས། འདི་ནི་མགོན་པོ་གང་ཉིད་མཆོག་གིས་འཇིག་རྟེན་ཡོངས་ལ་དཀའ་རྙོག་སེལ་ཐབས་ཀྱི་ལེགས་སྐྱེས་ཤིག་ཀྱང་ཡིན། བོད་ཀྱི་གནད་དོན་དེས་དབུ་མའི་ལམ་གྱི་ལངས་ཕྱོགས་བརྒྱུད་ད་ལྟ་དངོས་སུ་འཕྲད་བཞིན་པའི་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་དཔེ་མཚོན་ཞིག་ཆགས་ཡོད། འཚེ་བའི་དུས་སྐབས་འདིར་བོད་མི་རིགས་ཀྱི་ཞི་བའི་ཐབས་རྩོད་ལ་གྲུབ་འབྲས་ཇི་སྨིན་དེས་དེང་སྐབས་འཛམ་གླིང་ནང་འཚེ་མེད་ཞི་བའི་ལམ་ནས་དཀའ་རྙོག་རྣམས་སེལ་དགོས་པའི་གླེང་ཕྱོགས་དེར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ངེས་ཡིན། གལ་ཏེ་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་ལ་བཞག་ནས་རྒྱུན་རིང་གནས་པའི་ཆབ་སྲིད་ཀྱི་ལས་འགུལ་དེ་དག་ལམ་དུ་མ་སོང་ན། འཛམ་གླིང་ནང་ཞི་བདེའི་གནས་སྟངས་ཇི་འདྲ་ཞིག་ལ་འགྱུར་གྱི་རེད་དམ། དེར་བརྟེན་འཛམ་གླིང་རྒྱལ་ཁབ་ཚོས་ལྟ་གྲུབ་དེ་དག་ལ་རྒྱབ་སྐྱོར་མཚོན་ཆེད་ཞུམ་པ་མེད་པའི་སྙིང་སྟོབས་ཆེར་སྐྱེད་ཀྱིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་སྟེ། རང་ཤེས་ཇེ་ཆེར་འགྲོ་བཞིན་པའི་རྒྱ་ནག་ལ་གདོང་ལེན་བྱེད་དགོས། འདས་པའི་ལོ་ཤས་རིང་དབུ་མའི་ལམ་གྱི་ལངས་ཕྱོགས་ཀྱི་གོ་རྟོགས་དང་དེ་ལ་རྒྱབ་སྐྱོར་སྔར་ལྷག་འཐོབ་བཞིན་ཡོད་པ་དེས་ང་ཚོར་བློ་སྤོབས་ཧ་ཅང་སྐྱེས་བྱུང་། བཟང་ཕྱོགས་ཀྱི་འགྱུར་འགྲོས་དེ་དག་ད་དུང་ཡར་རྒྱས་ཤུགས་སྣོན་ཡོང་རྒྱུར། སྔར་ཡོད་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ཡིག་ཆ་ཁག་ལ་གཞི་བཞག་པའི་ཐོག་ད་ལན་དབུ་མའི་ལམ་གྱི་དྲྭ་རྒྱ་ཞིག་གསར་བཟོ་བྱས་ཡོད། དྲ་རྒྱ་དེའི་ནང་དབུ་མའི་ལམ་གྱི་ངོ་སྤྲོད་དང་། དབུ་མའི་ལམ་གྱི་འབྱུང་རབས་ལོ་ཚིགས། དབུ་མའི་ལམ་དང་འབྲེལ་བའི་ཡོངས་གྲགས་ཀྱི་དྲི་བ་དྲིས་ལན་ཁག་བཅས་ཀྱི་གནད་དོན་དང་འབྲེལ་བའི་ཡིག་ཆ་དང་བརྙན༌འཕྲིན་གསར་སྐྲུན་ཞུས་པ་རྣམས་དེའི་ནང་ཟུར་འཇོག་བྱས་ཡོད། ཁྱེད་རྣམ་པས་དྲ་རྒྱའི་ནང་གི་གནས་ཚུལ་དེ་དག་སོ་སོའི་གྲོགས་ཉེ་ངོ་ཤེས་སོགས་འབྲེལ་ཡོད་བརྒྱུད་དྲིལ་བསྒྲགས་རྒྱ་ཆེ་གནང་རྒྱུར་ཕྱར་གྲུ་མཉམ་འདེགས་གནང་རོགས་ཞུ་རྒྱུ་ཡིན། དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། དེ་སྔའི་བཀའ་ཤག་གོང་མས་གཞི་བརྟན་བཙུགས་པ་དེའི་ཐོག་ཡར་རྒྱས་བཏང་སྟེ་བོད་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་འཆར་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༤ ཟླ་ ༥་ཚེས་་༣ ཉིན་བཟང་པོར། སྲིད་སྐྱོང་བློ་བཟང་སེང་གེས།

དབུ་མའི་ལམ་གྱི་ངོ་བོ་དང་བྱུང་རིམ། གྲུབ་འབྲས་བཅས་ངོ་སྤྲོད། དེ་འབྲེལ་གསུང་བཤད་དང་གལ་ཆེའི་ཡིག་ཆ་ཁག

སྙིང་བསྡུས།
རྒྱུན་གཏན་གྱི་དྲི་བ་དྲིས་ལན།
ལོ་ཚིགས་